སྲོང་བཙན་སྒམ་པོ།
༧༥༽ རྒྱ་གར་རྒྱལ་པོ་སྲིད་སྒྲུབ་བྲོས་ཤོར་ཏེ་ཕྱོགས་མཐའི་རྒྱལ་ཕྲན་ཁག་གི་དམག་མང་ཙམ་བསྡུས་ཏེ་སླར་རྒོལ་དུ་འོང་ཡང༌། བོད་དམག་གིས་ཚར་བཅད་པ་མ་ཟད། སྲིད་སྒྲུབ་གཉེན་ཚན་དང་བཅས་པ་གསོན་པོར་བཟུང་སྟེ་རྒྱ་ནག་གོང་མའི་དྲུང་དུ་བརྫངས།
༧༦༽ སྐབས་དེར་རྒྱ་གར་བ་བསད་རྨས་བཟུང་གསུམ་བསྡོམས་ཆིག་ཁྲི་སུམ་སྟོང་དང༌། བ་ཕྱུགས་སུམ་ཁྲི་ཙམ་ཐོབ་ཅིང༌། ལྕགས་རི་ཅན་གྱི་གྲོང་ཁྱེར་བརྒྱ་དང་བརྒྱད་ཅུ་བདག་ཏུ་བཟུང༌། སྲིད་སྒྲུབ་ཀྱི་དགྲ་ཟླ་རྒྱལ་པོ་ཀུ་མ་ར་ཞེས་པ་དགའ་སྟེ་བོད་ལ་རྒྱུ་ནོར་མང་པོ་ཕུལ།
༧༧༽ སེང་གེ་བཙན་པོས་སྲོང་བཙན་གྱིས་དཔུང་རོགས་གནང་བར་ཐུགས་ཤིན་ཏུ་དགྱེས་ཏེ། གོང་མའི་སྲས་མོའི་མག་པ་ཞེས་དང༌། ནུབ་མཚོའི་མངའ་བདག་ཅེས་པའི་ཆེ་བསྟོད་དང་བཅས་གོས་ཆེན་ལྟེབ་རིལ་ཉིས་སྟོང་སོགས་སྐྱེས་སུ་གནང༌།
༧༨༽ ཕྱི་ལོ་༦༤༩ ལོར་ཐེ་ཙུང་གྲོངས་ནས་སྲས་ཐང་ཀོའི་ཙུང་རྒྱལ་ཁྲིར་བཞུགས་པས། སྲོང་བཙན་གྱིས་རྒྱ་དཔོན་ཆན་སུན་བརྒྱུད་དེ་གོང་མའི་ཆབ་འབངས་ངོ་ལོག་སོགས་ཀྱི་དོན་རྐྱེན་བྱུང་ན་དམག་རོགས་བྱ་རྒྱུ་སོགས་བཀྲ་ཤིས་རྟེན་འབྲེལ་གྱི་ཞུ་ཡིག་བསྐུར།
༧༩༽ སྐབས་དེ་དག་ལ་སྲོང་བཙན་གྱིས། དགུང་བློན་དང་ནང་བློན་བཀའ་བློན་སོགས་ཀྱི་ཐོབ་ཐང་དང་བཅས་པའི་ལས་ཀའི་སྒྲིག་གཞི། ཁོད་སོ་དྲུག་གི་ཁྲིམས་བཅས་པ་སོགས་སྔོན་མེད་གསར་བཏོད་ཀྱི་མཛད་པ་རིམ་པར་བསྐྱངས་ཏེ་ཕྱི་ནང་གི་སྲིད་ཀྱི་ལས་ཀ་བརྟན་ལྷིང་མཛད།